• vtem news box

བོད་ཡིག་སློབ་ཁྲིད་ཀྱི་གནས་སྟངས་སྐོར་གླེང་བ།

འདོན་སྤེལ། ༢༠༡༣ / ༡༡ / ༡༡
སྐལ་བཟང་དབང་འདུས།
(ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཟུར་པ)
༄༅། ། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་སློབ་མ་ཚོའི་བོད་ཡིག་གི་གནས་ཚད་ཞན་པོ་ཡོད་པའི་སྐོར་ལ་ད་བར་ང་ཚོས་ཆབ་སྲིད་ཀྱི་ཅ་ཅོ་མང་པོ་བསྒྲགས་ཡོད། འོན་ཀྱང་དེས་དོན་སྙིང་ལྡན་པའི་ཕན་འབྲས་གང་ཡང་བསྐྱེད་མེད་པ་གསལ་པོ་ཡིན། ང་ཚོས་གནས་སྟངས་དེའི་ངན་ཁག་ཡོད་ཚད་སློབ་ཕྲུག་ཚོར་དཀྲིས་ཏེ། བོད་པའི་སློབ་མ་ཚོ་སློབ་སྦྱོང་ལ་དོ་སྣང་མེད་ཚུལ་དང་མི་རིགས་དང་རིག་གཞུང་ལ་ལར་ཞེན་མེད་ཚུལ་སོགས་ཀྱི་གཏམ་འཆལ་མང་པོ་ཐོས་མྱོང་། ད་ནི་སོ་སོའི་ལས་འགན་ལ་གཡོལ་ཐབས་ཀྱི་སྐད་ཆ་དེ་ཚོ་བཞག་ནས་གནས་སྟངས་འདིར་ཉམས་ཞིབ་མཐིལ་ཕྱིན་པ་ཞིག་བྱ་དགོས་པའི་དུས་ལ་བབ་ཡོད། ཁོ་བོས་སློབ་གྲྭ་ཁག་མང་པོའི་ནང་བོད་ཀྱི་སྐད་ཡིག་སློབ་ཁྲིད་ལ་རྟོག་ཞིབ་བྱས་ཤིང་། བོད་ཡིག་གི་བསླབ་གཞི་རྩ་འཛིན་དང་སློབ་དེབ་སོགས་ལ་ཉམས་ཞིབ་ཅུང་ཙམ་བྱས་པའི་གྲུབ་དོན་གལ་གནད་ཆེ་བ་འགའ་ཞིག་འདིར་གླེང་རྒྱུ་ཡིན།


༡༽ སྐད་ཡིག་དང་ནང་དོན།
བོད་ཀྱི་སྐད་ཡིག་གི་སྦྱངས་འབྲས་དམའ་མོ་ཡིན་པའི་རྒྱུ་མཚན་ཆེ་ཤོས་ཤིག་ནི། ད་ལྟ་སློབ་གྲྭ་ཁག་ནང་ལག་བསྟར་བྱེད་བཞིན་པའི་བོད་ཡིག་གི་བསླབ་གཞི་རྩ་འཛིན་(curriculum) དང་སློབ་དེབ་ལ་ཐུག་ཡོད། དེ་དག་ལས་གསལ་པོར་རྟོགས་ཐུབ་པ་ནི། ང་ཚོས་ད་བར་འཁྲིད་བྱའི་ནང་དོན་(content) གལ་ཆེར་བརྩིས་པ་ལས་སྐད་ཡིག་ལ་དོ་སྣང་དེ་ཙམ་སྤྲད་མེད་པ་དེ་ཡིན། དེར་བརྟེན་བོད་ཡིག་གི་བསླབ་གཞི་རྩ་འཛིན་དང་སློབ་དེབ་ཁག་གི་ནང་རྒྱལ་རབས་དང་ཆོས་འབྱུང་། རིགས་ལམ་དང་ནང་ཆོས་སོགས་ཀྱི་ནང་དོན་ཁག་གཙོ་བོར་བཟུང་བ་ལས་སྐད་ཡིག་ཡར་རྒྱས་གཏོང་ཐབས་ལ་དམིགས་པའི་རྩོམ་རིག་གི་ཤེས་བྱ་སོགས་སྣང་མེད་དུ་ལུས་ཡོད། དེ་ནི་སློབ་གསོ་རིག་པའི་ངོས་ནས་བཤད་ན་ནོར་འཁྲུལ་ཆེན་པོ་ཞིག་ཡིན། རྒྱུ་མཚན་ནི་ནང་དོན་ཤེས་པ་ལ་ཐོག་མར་སྐད་ཡིག་གི་གནས་ཚད་ལེགས་པོ་དགོས་ཤིང་། དེ་མིན་སྐད་ཡིག་ལ་རང་སྐྱ་མ་འཕེར་བའི་སྔོན་ལ་ཆེས་གཏིང་ཟབ་ཅིང་གོ་དཀའ་བའི་ནང་དོན་ཁག་མང་པོ་ཞིག་བསླབ་ཚེ། སློབ་མ་ཚོས་སྐད་ཡིག་དེ་ཁག་པོ་ཞིག་ལ་བརྩིས་ནས་སྦྱང་རྒྱུའི་འདོད་པ་མེད་པ་ཆགས་རྒྱུའི་ཉེན་ཁ་ཆེན་པོ་ཡོད། དཔེར་ན་ངོས་རང་ཉམས་ཞིབ་ཀྱི་སྐོར་བསྐྱོད་སྐབས་སློབ་གྲྭ་མི་འདྲ་བ་གསུམ་གྱི་ནང་འཛིན་གྲྭ་བདུན་པའི་བོད་ཡིག་སློབ་ཚན་"འཕྲུལ་བློན་མཛངས་མི་བདུན་"ཞེས་པ་དེ་སློབ་ཁྲིད་གནང་བ་ལ་བལྟ་རྒྱུ་བྱུང་། སློབ་ཚན་དེ་ནི་བོད་བཙན་པོའི་སྐབས་ཀྱི་གྲགས་ཆེ་བའི་བློན་པོ་ཁག་ཅིག་གི་སྐོར་ཡིན་པ་དང་། དེའི་ནང་གི་མིང་ཚིག་སོགས་མང་པོ་ཞིག་འཛིན་གྲྭ་བདུན་པའི་སློབ་མ་ཕལ་མོ་ཆེས་གོ་ཐོས་མེད་ལ་སློབ་ཁྲིད་སྐབས་སློབ་མ་རྣམས་ཉོབ་སྣང་ཆེ་ཞིང་དོ་སྣང་མེད་པའི་ཚོར་སྣང་ཞིག་མངོན་སུམ་དུ་འདུག དེ་བཞིན་འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་གྱི་བོད་ཡིག་སློབ་དེབ་ལ་བལྟས་ཚེ་སྐད་ཡིག་ལས་ནང་དོན་གལ་ཆེར་རྩི་བཞིན་ཡོད་པ་དེ་ར་སྤྲོད་གསལ་པོ་ཡོད། ཁོ་བོས་ཉམས་ཞིབ་སྐབས་སློབ་གྲྭ་ཁག་བརྒྱད་ཀྱི་ནང་བོད་ཡིག་གི་འཛིན་གྲྭ་ཉི་ཤུ་ལྷག་ཙམ་གྱི་སློབ་ཁྲིད་ལ་རྟོག་ཞིབ་བྱས་པའི་ནང་ཕྱེད་ཀ་ཙམ་ནང་ཆོས་དང་། བསླབ་བྱ། རྒྱལ་རབས། ཆོས་འབྱུང་སོགས་ལས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱ་རྒྱུའི་གོ་སྐབས་ཆེས་དཀོན་པོ་འདུག འཛིན་རིམ་དགུ་པ་དང་བཅུ་པའི་བོད་ཡིག་སློབ་དེབ་ཀྱི་ནང་དོན་གལ་ཆེ་ཤོས་ཤིག་ནི་"བཤེས་པའི་སྤྲིངས་ཡིག་"གི་བསྟན་བཅོས་དེ་རེད། བསྟན་བཅོས་དེའི་ནང་གི་བསླབ་བྱ་རྣམས་གལ་ཆེན་པོ་ཡིན་ཡང་ང་ཚོས་ངེས་པར་དུ་སློབ་གསོ་དང་འབྲེལ་པའི་དྲི་བ་ཞིག་འདྲི་དགོས་པ་ཡིན། དེ་ནི་སློབ་མའི་ལྟ་སྟངས་ཀྱི་ཕྱོགས་ནས་གཟིགས་ཚེ་བསྟན་བཅོས་དེ་དག་སྤྲོ་སྣང་འཕེལ་བ་ཞིག་ཡོད་དམ། དོན་དངོས་ཐོག་དེ་ལྟ་བུའི་ནང་དོན་ཁག་གིས་སློབ་མ་ཚོ་བོད་ཡིག་ལ་དོ་དབྱིངས་མེད་པ་བཟོ་རྒྱུའི་ཉེན་ཁ་ཡོད། དེ་འདྲའི་ནང་དོན་གྱི་ཚབ་ལ་དེང་དུས་དང་མཐུན་ཞིང་སློབ་མའི་ཉིན་རེའི་འཚོ་བར་འབྲེལ་ཆགས་པའི་རྩོམ་ཡིག་དང་སྒྲུང་གཏམ་སོགས་བཅུག་ན། སློབ་མའི་བོད་ཡིག་སྦྱང་འདོད་ཀྱི་འདུན་པ་ཇེ་ཆེར་འགྲོ་བར་ཐེ་ཚོམ་མེད།
སྤྱིར་ནང་དོན་ལ་བརྟེན་ནས་སྐད་ཡིག་སློབ་ཁྲིད་བྱ་ཆོག་པ་དང་བྱ་དགོས་པ་ཞིག་ཡིན་ཡང་། ནང་དོན་དེ་མིའི་གནས་ཚད་ལ་རན་ཞིང་དབྱིངས་དང་སྤྲོ་བ་བསྐྱེད་ཐུབ་པ་ཞིག་དགོས། དེ་མིན་རིག་གཞུང་སྲུང་སྐྱོབ་ལ་ཁ་གཡར་ནས་ནང་དོན་གོ་དཀའ་བ་རྐྱང་རྐྱང་སློབ་དེབ་ནང་བཅུག་པ་ཡིན་ན། དེས་བོད་པའི་སློབ་མ་ཚོ་བོད་ཡིག་ལ་དབྱིངས་མེད་པ་བཟོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད། ལོ་རབས་བརྒྱད་ཅུ་ནས་བཟུང་དཔལ་དོན་གྲུབ་རྒྱལ་གཙོས་བོད་ཀྱི་མཁས་པ་མང་པོས་དེང་དུས་ཀྱི་འཚོ་བ་དང་མཐུན་པའི་ཕུལ་བྱུང་རྩོམ་ཡིག་མང་པོ་སྤེལ་ཡོད་ཀྱང་། དེ་དག་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་བོད་ཡིག་སློབ་དེབ་ནང་ལ་སླེབས་མ་ཐུབ་པ་ནི་ཆེས་ཡ་མཚན་གྱི་གནས་ཤིག་ཡིན། དེ་ཙམ་དུ་མ་ཟད་ད་ལྟའི་བོད་ཡིག་གི་སློབ་དེབ་ནང་ཚོན་ཁྲ་དང་རི་མོ་དཀོན་ཞིང་ཤོག་བུའི་རྒྱུ་ཆ་དང་སྒྲིག་སྦྱོར་ཡང་ཧ་ཅང་ཞན་པོ་ཡོད། དེས་ན་ད་ནི་ང་ཚོ་རྙིང་ཞེན་དང་སྲོལ་རྒྱུན། དེ་བཞིན་རྗེས་ལུས་སོགས་ཀྱི་ཕུག་ཁ་ནས་ཐོན་པའི་དུས་ལ་སླེབས་འདུག


༢༽ སློབ་དེབ་རྩོམ་སྒྲིག་དང་བསྐྱར་ཞིབ་ཚོགས་ཆུང་།
ད་བར་གྱི་བོད་ཡིག་སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་དང་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་ཕལ་མོ་ཆེས་ལས་དོན་དེ་དག་གི་ཐད་འཐུས་ཤོར་ཆེན་པོ་ཕྱིན་ཡོད། ཚོགས་ཆུང་དེ་དག་གི་ནང་བོད་ཀྱི་སྐད་ཡིག་ལ་མཁས་པ་ཙམ་གྱིས་མི་འགྲིག་པར་ངེས་པར་དུ་དེང་དུས་ཀྱི་སློབ་གསོ་རིག་པ་(education) དང་། སློབ་ཁྲིད་རིག་པ།(pedagogy) བྱིས་པའི་སེམས་ཁམས་རིག་པ།(child psychology) དེ་བཞིན་སྐད་བརྡ་རིག་པ་(linguistic) སོགས་ཀྱི་ཆེད་མཁས་མི་སྣ་ལེགས་འདེམས་ཀྱིས་ཚོགས་མིར་བསྐོ་འཇོག་བྱ་དགོས། ༢༠༡༢ ལོར་བཏོན་པའི་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་བོད་ཡིག་སློབ་དེབ་གསར་པ་རྣམས་ཕུད་དེ་མིན་གྱི་སློབ་དེབ་མང་ཆེ་བ་སློབ་མའི་གནས་ཚད་ལ་མི་རན་པ་མ་ཟད། དེང་དུས་ཀྱི་སློབ་གསོ་རིག་པའི་གཞུང་ལུགས་དང་ཡང་མི་མཐུན་པས་ངེས་པར་དུ་བསྒྱུར་བཅོས་བྱ་དགོས།


༣༽ བོད་དགེ་རྣམ་པའི་སློབ་ཁྲིད་ཀྱི་ཐབས་ལམ་ཞན་པ།
ཉམས་ཞིབ་སྐབས་བོད་དགེ་རྣམ་པ་དེང་དུས་ཀྱི་སློབ་ཁྲིད་ཐབས་ལམ་སྐོར་ལ་གོ་རྟོགས་དང་ཉམས་ལེན་ཞན་པོ་ཡོད་པ་ཡང་གསལ་པོ་རེད། སློབ་ཚན་གཞན་དང་བསྡུར་ཚེ་བོད་ཡིག་གི་འཛིན་གྲྭའི་ནང་སློབ་མར་བྱེད་སྒོ་ཉུང་བ་དང་། བོད་དགེ་རྣམས་ཀྱིས་འཆད་ཁྲིད་(Lecture method) གཙོ་བོར་འཛིན་པ་ལས་སློབ་མར་འཛིན་གྲྭའི་སྐབས་སུ་སྐད་ཡིག་འཆད་ཉན་དང་འབྲི་ཀློག་སོགས་ཀྱི་གོ་སྐབས་ཧ་ཅང་དཀོན། དེས་ན་བོད་ཡིག་གི་དགེ་རྒན་གསོ་སྐྱོང་བྱེད་ས་ནི་ཝ་ར་ན་སི་དང་ས་ར་མཐོ་སློབ་གཉིས་ཡིན་སྟབས། དེ་གཉིས་ནང་གི་བསླབ་གཞི་རྩ་འཛིན་སྤྱི་དང་ལྷག་དོན་དགེ་རྒན་འོས་སྦྱོང་སྐབས་ལག་འཁྱེར་སྤྲོད་ཐུབ་པ་ཙམ་མིན་པར། དེང་དུས་སློབ་ཁྲིད་ཀྱི་ཐབས་ལམ་ཁག་ལ་སློབ་ཁྲིད་དང་མྱོང་བ་གཏིང་ཟབ་སྤེལ་དགོས་རྒྱུ་ནི་ཆེས་ཁ་ཚ་དགོས་གཏུགས་ཤིག་ཏུ་གྱུར་ཡོད།


༤༽ སྐད་ཡིག་ནས་བརྡ་སྤྲོད་ཀྱི་ཐབས་ལམ་བརྟེན་དགོས་པ།
དེང་དུས་སྐད་ཡིག་སློབ་གསོ་དང་ལྷག་པར་སློབ་ཁྲིད་རིག་པ་(pedagogy) སོགས་ཀྱི་ཉམས་ཞིབ་ཀྱི་གྲུབ་དོན་ཁག་དང་བོད་པའི་སློབ་གྲྭའི་ནང་བོད་ཡིག་སློབ་ཁྲིད་བྱེད་སྟངས་གཉིས་ཀྱི་བར་ལ་སྟོང་ཆ་ཆེན་པོ་ཡོད། བོད་ཡིག་གི་འཛིན་གྲྭ་མང་པོའི་ནང་ད་ལྟའང་བརྡ་སྤྲོད་ཀྱི་གཞུང་རྣམས་བློར་འཛིན་བྱ་རྒྱུ་ཙམ་ལས་ལག་ལེན་གྱི་ཐོག་ནས་བཀོལ་སྤྱོད་བྱ་རྒྱུའི་གོ་སྐབས་ཧ་ཅང་དཀོན། འཛིན་གྲྭའི་ནང་གི་བརྡ་སྤྲོད་ཀྱི་འགྲོ་སྟངས་དང་སློབ་མའི་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་བྱེད་བཞིན་པའི་སྐད་ཡིག་གཉིས་ཀྱི་བར་འབྲེལ་བ་ཅི་ཞིག་ཡོད་པ་བརྟག་མ་ཐུབ་པའི་སྟོང་ཆ་ལུས་ཡོད། དེང་སང་སྐད་ཡིག་སློབ་གསོའི་མཁས་པ་རྣམས་ཀྱི་བརྗོད་དོན་ལ་གཞིགས་ན། སྔོན་ལ་སྐད་ཡིག་འབྲི་ཀློག་སོགས་ཀྱི་གོ་སྐབས་གང་མང་བསྐྲུན་དགོས་པ་དང་། དེའི་རྗེས་སུ་དུས་དང་འཚམས་ཤིང་འབྲེལ་ཆགས་པའི་བརྡ་སྤྲོད་(grammar in-context) ཀྱི་འགྲོ་སྟངས་ངོ་སྤྲོད་བྱ་དགོས། ཁོ་ཚོས་སྐད་ཡིག་སྦྱོང་གཉེར་བྱེད་པའི་བརྒྱུད་རིམ་ནང་བརྡ་སྤྲོད་ཀྱི་འགྲོས་ལ་གོམས་འདྲིས་ཡོང་ཐབས་བྱེད་ཀྱི་ཡོད།(language to grammar approach)


༥༽ བྱིས་སྒྲུང་སོགས་ཀྱི་དཔེ་དེབ་ཆེས་ཉུང་བ།
སྐད་ཡིག་གི་ཚད་གཞི་ཡར་རྒྱས་བཏོང་བའི་བརྒྱུད་ལམ་གཙོ་བོ་ཞིག་ནི་སློབ་མ་སོ་སོས་རང་ཉིད་ཀྱི་ཆུ་ཚད་དང་འཚམས་པའི་དཔེ་དེབ་བཀླག་རྒྱུ་དེ་ཡིན། བོད་ཡིག་ནང་དེ་འདྲའི་དཔེ་དེབ་ཆེས་ཉུང་བ་མ་ཟད། འཛིན་རིམ་དང་པོ་དང་གཉིས་པའི་སློབ་མར་སྨན་པའི་པར་རིས་ཆེ་ལ་ཡིག་ཚོགས་ཉུང་བའི་དཔེ་དེབ་ནི་ད་བར་ངས་མ་མཐོང་། ཁོ་བོའི་བསམ་པར་བོད་ཀྱི་སྐད་ཡིག་ལ་སྦྱངས་ཤིང་མཁས་པའི་དགེ་རྒན་དང་། སློབ་དཔོན། བླ་མ། སྤྲུལ་སྐུ། དེ་བཞིན་ལོ་ཙཱ་བ་དང་མཁས་དབང་རྣམ་པས་བཀའ་བསྟན་སོགས་ཕྱིའི་སྐད་ལ་བསྒྱུར་རྒྱུའི་ཚབ་ལ། ནུས་པ་དང་མཐུན་རྐྱེན་གང་མང་བྱིས་པའི་དཔེ་དེབ་གསར་རྩོམ་དང་ཡིག་སྒྱུར་སོགས་གནང་ན་བོད་མི་རིགས་ལ་ཆེས་ཕུལ་བྱུང་གི་ཞབས་འདེགས་བསྒྲུབ་ཐུབ་ངེས་ཡིན། ང་ཚོས་རང་མི་རིགས་ཀྱི་རིག་གནས་ཕྱུག་ཏུ་གཏོང་དགོས་པ་དང་ཉེ་བར་མཁོ་བའི་ཕྱིའི་རིག་གནས་ཀྱི་རྣམ་གྲངས་མང་པོ་ཞིག་ནང་འདྲེན་བྱ་རྒྱུ་ནི་དུས་དང་འཚམས་པའི་བོད་མིའི་འོས་བབ་ཅིག་ཡིན།
དེས་ན་གནད་དོན་དེ་དག་གི་ཐད་བོད་མིའི་སྒྲིག་འཛུགས་དང་སློབ་ཁག སློབ་གསོའི་བྱ་བཞག་གཉེར་བའི་སློབ་སྤྱི། དགེ་ཆེ། དགེ་རྒན། དེ་བཞིན་སྤྱི་ཚོགས་ཡོངས་ཀྱིས་ནུས་པ་སྤུངས་དགོས་པ་ཡིན།