• Print

བོད་ཡིག་བྲི་ཀློག་རྩལ་སྦྱོང་སྟངས་བསམ་ཚུལ་གླེང་བ།

༄༅། །མཚན་དང་དཔེ་བྱད་བཟང་པོས་སྤུད་པའི་སྐུ། །ཡིད་ཅན་ཉོན་མོངས་འཇོམས་མཛད་ཚངས་དབྱངས་གསུང་། །
བྱམས་དང་བརྩེ་བའི་ཕ་མཐར་སོན་པའི་ཐུགས། །མངའ་བའི་ཟླ་མེད་ཐུབ་པར་དད་ཕྱག་སྤུངས། །
བརྡ་སྤྲོད་ཕྱི་མོ་སུམ་རྟགས་དག་གསུམ་ལ། །བརྟེན་ནས་གངས་ཅན་སྐད་ཡིག་བྲི་ཀློག་གི །
ཚུལ་ལ་རང་རྐྱ་འཕེར་བའི་ཐབས་ལམ་གྱི། །གོ་རིམ་བསླབ་ཚུལ་ཅུང་ཟད་བཤད་པར་བྱ། །
དེང་གི་དུས་འདིར་རང་རེ་བོད་ཀྱི་སྐད་ཡིག་གི་གནས་ཚད་ཉམ་དམས་སུ་འགྲོ་བཞིན་ཡོད་པ་ཕྱོགས་ཀུན་ནས་མྱོང་ཚོར་དང་། སྤྱི་སྒེར་ཀུན་གྱིས་གླེང་བཞིན་ཡོད་ནའང་། ཉམས་པ་སོར་ཆུད་དང་མི་ཉམས་གོང་དུ་འཕེལ་བའི་ཐབས་ཚུལ་ཇི་དགོས་སྨྲ་བ་ཉུང་ལ། སྒྲུབ་པ་ནི་དེ་བས་དཀོན། དེ་བཞིན་དུ་ཉམས་ཆག་ཏུ་འགྲོ་བའི་རྒྱུ་རྐྱེན་ཇི་ཡིན་རྩད་བཅད་དེ་ཉམས་པ་སོར་ཆུད་པའི་ཐབས་འདི་དང་འདི་ཡིན་ཞེས་སྟོན་མཁན་ནི་ཉིན་མོའི་སྐར་མ་ཙམ་དུ་ཟད།

 

རང་ཅག་ཁ་བ་ཅན་པའི་སྐད་ཡིག་བཟང་པོ་འདི་དེང་དུས་ཉམས་པའི་རྐྱེན་གཙོ་བོ་ནི། མི་ཡུལ་དུ་འགྱར་ཏེ་འཚོ་བ་སྐྱེལ་དགོས་པས་གནས་ཚང་ཡུལ་ལུང་གི་སྐད་ཡིག་ལ་བརྟེན་དགོས་པ་དང་། ནང་ཁུལ་བོད་ཀྱི་སྐད་ཡིག་ལ་སྤྱོད་སྒོ་ཉུང་བ་དང་། སྤྱད་ཀྱང་སྲེ་ལྷད་ཀྱི་ལམ་ནས་སྤྱོད་པ་དང་། དེ་ལས་ཐབས་སྐྱོ་བ་ཞིག་ལ་རང་རེའི་སྐད་ཡིག་འདི་ལ་སྦྱང་པ་བྱས་ན་འཚོ་ཐབས་ལ་དོ་ཕོགས་འགྲོ་རྒྱུ་ལས་གཞན་དགོས་མཁོ་ཅི་ཡང་མེད་པའི་གཟིགས་ཚུལ་དང་། རང་གི་སྐད་ཡིག་རང་གིས་བདག་གཅེས་དང་རྒྱུན་འཛིན། བེད་སྤྱོད། ཆེད་སྤེལ་བྱེད་དགོས་པའི་འགན་མི་འཁུར་བ་དང་། བོད་ཀྱི་སྐད་ཡིོག་འདི་ནང་པའི་ཆོས་ཀྱི་གཞི་མ་རྩ་ཆེན་གཞན་མི་རིགས་སུ་ལའང་མེད་པའི་གཙིགས་ཆེན་ཞིག་ཡིན་པ་མ་རྟོགས་པ་འམ་རྟོགས་ཀྱང་བཏང་སྙོམས་སུ་བཞག་པ། གཞི་རིམ་སློབ་ཁག་ཏུ་བོད་ཡིག་གལ་ཆེར་བརྩིས་ཏེ་སློབ་སྤེལ་བྱེད་མུས་ཡིན་ཡང་། གོང་གི་རྒྱུ་མཚན་རྣམས་ལ་བརྟེན་ནས་སྦྱོང་འདོད་མེད་པ་དང་། ཤེས་པར་དཀའ་བ་ཡིན་ཚུལ། བོད་སྐད་ཉན་བཤད་གཉིས་ལ་རྩལ་ཕྲན་བུ་ཡོད་ཀྱང་ཀློག་རྩལ་ཞན་ལ་བྲི་རྩལ་ནི་དེ་བས་ཧ་ཅང་ཞན་པའི་ངང་ཚུལ་གྱིས་དག་ཆ་སོགས་ཤིན་ཏུ་དཀའ་ཚེགས་ཅན་ཞིག་ཡིན་པའི་ཚོར་སྣང་བཅས་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་ཉམས་ཆག་ཏུ་འགྲོ་བཞིན་མཆིས།
གོང་གི་གནད་དོན་རྣམས་ཡིད་ལ་བཞག་ནས་མ་འོངས་པར་བོད་ཀྱི་སྐད་ཡིག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་སླད་ཐབས་ལམ་འགའ་ལྷག་བསམ་དཀར་བའི་སྒོ་ནས་བརྗོད་ན། བོད་མི་ཡོངས་ནས་རང་རེའི་སྐད་ཡིག་འདི་དེང་དུས་འཛམ་གླིང་སྐད་ཡིག་མང་པོའི་འཕྲོད་ནས་གནས་ཚད་མཐོ་བའི་གྲས་སུ་ཡིན་པ་ཡིད་ཆེས་དང་གདེངས་སྤོབས་དགོས། དེ་ལ་རྒྱུ་མཚན་ཡོད་དེ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་སྐད་ཡིག་འདི་ལེགས་སྦྱར་གྱིད་སྐད་དང་དོ་མཉམ་པ་ཡིན་ཞིང་། ནང་པ་སངས་རྒྱས་པའི་ཆོས་ཀྱི་གནད་དོན་ཚང་ལ་མ་ནོར་བ་སྟོན་ཐུབ་པའི་སྐད་ཡིག་ནི་ལེགས་སྦྱར་དང་བོད་ཀྱི་སྐད་ཡིག་གཉིས་ཡིན། ལོ་རྒྱུས་ལྡན་པའི་སྐད་ཡིག་ཅིག་ཀྱང་ཡིན། ཞེས་བཀའ་སློབ་སྔ་ཕྱིར་བསྩལ་ཡོད། དེར་བརྟེན་སྐད་ཡིག་འདི་དང་དེའི་བརྒྱུད་ལམ་དུ་ཡོད་པའི་ནང་དོན་རིག་པ་གཙོས་རིག་གནས་ཇི་སྙད་ཅིག་ཡོད་པ་ཐམས་ཅད་རང་གཞན་གཉིས་ཀར་ཕན་པའི་གཙིགས་ཆེན་ཞིག་ཡིན་པ་ངོ་འཕྲོད་དང་ཡིད་ཆེས་བཅོས་མིན་དགོས།
དེ་ལྟ་བུའི་སྐད་ཡིག་རྩ་ཆེན་དེ་རྒྱུན་གནས་སོར་ཆུད་ཡོང་བའི་འགན་བོད་རིགས་ཡོད་དོ་ཅོག་ལ་ཡོད་པའང་སེམས་དགོས། དེས་ན་གཞི་རིམ་བོད་པའི་སློབ་གྲྭ་དང་ཆོས་སྡེ་ཁག་ཏུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་ཐབས་ལམ་དང་། བསླབ་གཞི་ཅི་འདྲ་ཞིག་དགོས་ཞེ་ན། འཛིན་རིམ་བཞི་པ་བར་ད་ཡོད་སློབ་ཁྲིད་བྱེད་སྟངས་དང་བསླབ་གཞི་ཇི་ཡོད་ཀྱིས་འཐུས་ངེས་ཡིན། འོན་ཀྱང་ཀློག་རྩལ་སྒྲ་དག་པ་དང་སྦྱོང་བརྡར་མང་ཙམ་དགོས་པ་དང་། ཡིག་གཟུགས་ལ་ཐུགས་སྣང་མང་ཙམ་དགོས་གལ་མངོན།
འཛིན་རིམ་ལྔ་པ་ནས་མཁས་མཆོག་དངུལ་ཆུ་དབྱངས་ཅན་སྒྲུབ་པའི་རྡོ་རྗེས་མཛད་པའི་ལེགས་བཤད་ལྗོན་དབང་རྩ་འགྲེལ་གྱི་ཐོག་ནས་ཚིག་ཕྲད་དང་རྣམ་དབྱེ་ཡི་སྒྲ་སྦྱོར་དང་དོན་སྦྱོར་དཔྱིས་ཕྱིན་པ་སློབ་ཁྲིད་དང་། སློབ་ཕྲུག་གི་ངོས་ནས་དེ་འབྲེལ་དཔེར་བརྗོད་ངེས་པ་མ་བརྙེད་བར་བརྒྱབ་ཏུ་བཅུག་སྟེ་སྦྱང་ཆ་དོད་པར་དགོས། སློབ་ཕྲུག་གི་དཔེར་བརྗོད་རྒྱབ་རིམ་བཞིན་དགེ་རྒན་ནས་ཞུས་དག་ནོར་བཅོས་ངེས་པར་གནང་གལ། ལྗོན་དབང་གི་རྩ་བ་ངེས་པར་དུ་བློ་འཛིན་གྱིས་ཚིག་དོན་ཤེས་པར་བྱས་ནས་ལག་ལེན་དུ་ཡོད་པ་ཞིག་དགོས། དེ་ནས་འཛིན་རིམ་དྲུག་པ་ནས་བྱིས་པ་དག་ཡིག་སོགས་འཇུག་བདེ་བའི་དག་ཡིག་རྒྱས་བསྡུས་འཚམ་པོ་ཞིག་བློ་འཛིན་གྱིས་ཚིག་དོན་མཐར་ཕྱིན་པ་ཞིག་སློབ་ཁྲིད་བྱེད་གལ་ཆེ། འཛིན་རིམ་བདུན་པ་ནས་ས་མཐའི་རྣམ་དབྱེ་ཡི་དག་ཡིག་ཅིག་བློ་འཛིན་དང་ཚིག་དོན་གཏིང་ཕྱིན་པ་སྦྱོང་དུ་བཅུག་དགོས། དེ་ནས་འཛིན་རིམ་བརྒྱད་པར་ མཁས་མཆོག་དངུལ་ཆུ་དབྱངས་ཅན་སྒྲུབ་པའི་རྡོ་རྗེས་མཛད་པའི་རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་བློ་འཛིན་གྱིས་ཡི་གེའི་སྐྱེ་གནས་དང་བྱེད་རྩོལ་དྲག་ཞན་དང་ཕོ་མོ་མ་ནིང་སོགས་གསལ་པོ་ངོ་འཕྲོད་པའི་ཐོག་ནས་བྱ་ཚིག་གི་དུས་གསུམ་སྐུལ་ཚིག་དང་བཅས་པའི་འགྲོ་སྟངས་ལེགས་པར་སྦྱོང་བརྡར་སྤྲོད་དགོས། དེ་ཡང་འཛིན་རིམ་ལྔ་པ་ནས་བརྒྱད་པ་བར་བློ་ལ་བཟུང་བའི་ལྗོན་དབང་དང་། དག་ཡིག ས་མཐའི་རྣམ་དབྱེ། རྟགས་འཇུག་དཀའ་གསལ་དུས་རྟག་ཏུ་ངག་སྐྱོར་གྱིས་འཛིན་རིམ་གོང་མར་བསླེབས་སྐབས་བརྗེད་དུ་མི་རུང་།
བོད་ཡིག་བྲི་ཀློག་རང་སྐྱ་འཕེར་བའི་རྨངས་གཞི་ནི། མིང་གི་ཚོགས། ཚིག་ཕྲད་ཀྱི་ཚོགས། བྱ་བའི་ཚོགས་བཅས་ཚོགས་གསུམ་ལ་རགས་ལས་པ་ཡིན། ཚོགས་གསུམ་ལ་མི་རྨོངས་པའི་ཆེད་དུ་སུམ་རྟགས་དག་གསུམ་གྱི་རྩ་བ་བློ་ཐོག་དང་འགྲེལ་བ་དོན་ཐོག་ཏུ་དགོས་པ་ཡིན། དེར་བརྟེན་ལས་དང་པོ་པ་རྣམས་སུམ་ཅུ་པའི་སྙིང་པོ་ལྗོན་དབང་དང་། རྟགས་འཇུག་གི་སྙིང་པོ་དཀའ་གསལ་མེ་ལོང་། དག་ཡིག་རྒྱས་བསྡུས་མང་པོ་ཡོད་པའི་ནང་ནས་རྗེ་བཙུན་ས་པཎ་གྱིས་མཛད་པའི་དག་པར་བྱེད་པའི་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ། ཨ་ལག་ཤ་ངག་དབང་བསྟན་དར་གྱིས་མཛད་པའི་དག་ཡིག་གཅེས་བསྡུས་འཁྲུལ་སྤོང་ལེགས་བཤད་སྐྱ་རེངས་གསར་པ། སློབ་ཆུང་དག་ཡིག་སོགས་གང་རུང་ཞིག་དང་། འཇུ་མི་ཕམ་པའི་ས་མཐའི་རྣམ་དབྱེ་བཅས་ལ་སྦྱང་པ་མཐར་ཕྱིན་པ་བྱས་ན་ཚིག་ཕྲད་དང་། བྱ་ཚིག མིང་ཚིག་བཅས་ལ་མི་རྨོངས་པར་འགྱུར། ལེགས་བཤད་ལྗོན་དབང་གི་ཐོག་ནས་ཕྲད་དང་རྣམ་དབྱེ་ལ་མི་རྨོངས་པར་འགྱུར་བ་དང་། རྟགས་འཇུག་གི་སྒོ་ནས་བྱ་ཚིག་ལ་མི་རྨོངས་པ་དང་། དག་ཡིག་ཁག་གི་ལམ་ནས་མིང་ཚིག་ལ་མི་རྨོངས་པར་འགྱུར་ནས་བོད་ཡིག་བྲི་ཀློག་གཉིས་ལ་རང་སྐྱ་འཕེར་བའི་རྨངས་གཞི་བརྟན་པོ་ཞིག་ཡོང་བ་ཡིན།
ད་ཆ་གོང་ཞུས་འཕལ་ཆེར་གཞི་རིམ་སློབ་ཁག་གི་བསླབ་གཞིའི་ཁོངས་སུ་ཡོད་ཀྱང་དགེ་སློབ་གཉིས་ཀའི་ངོས་ནས་མཐར་ཕྱིན་པ་ཞིག་སྦྱོང་བརྡར་ཡོང་གི་མེད་ཚོད་དུ་སྣང་། ཡང་དགེ་རྒན་མང་དག་ནས་་དེ་ལྷག་གནང་བཞིན་ཡོད་པའང་སྨྲོས་ཅི་དགོས། དེང་གི་དུས་སུ་བློ་འཛིན་བྱ་རྒྱུ་ནི་སློབ་སྦྱོང་བྱེད་སྟངས་ཞན་པའི་གྲས་སུ་ངོས་འཛིན་བྱེད་ཅིང་རྗེས་ལུས་ཀྱི་རྣམ་པར་ལྟ་ཡི་ཡོད། དེ་ལ་བརྟེན་ནས་ཕྲད་རྣམ་དབྱེ་ཡི་སྒྲ་སྦྱོར་ཡང་ཇི་ལྟར་མི་ཤེས་པ་དང་། དེ་བཞིན་མིང་ཚིག་དང་དག་ཆ། བྱ་ཚིག་གི་འགྲོ་སྟངས་སོགས་དགོས་ངེས་རྣམས་ཚུལ་མཐུན་ཞིག་ཡོང་གི་མེད་པ་མངོན་སུམ་མཐོང་ཆོས་སུ་མཆིས། སྔོན་བྱོན་བོད་ཀྱི་བརྡ་སྤྲོད་གཙོས་རིག་པའི་གནས་ལ་མཁས་པ་ནམ་མཁའི་སྐར་ཚོགས་ལྟར་བྱུང་བ་རྣམས་ཐོག་མར་དབྱངས་གསལ་གྱི་ཡི་གེ་ངོ་འཕྲོད་པ་ནས་བཟུང་སུམ་རྟགས་དག་གསུམ་གྱི་སྙིང་པོ་རྣམས་བློ་འཛིན་མ་མཛད་པ་གཅིག་ཀྱང་མེད། དེ་དག་གི་སྟེང་ནས་རྨངས་གཞི་བྲི་ཀློག་གདེངས་འཕེར་བ་ཞིག་གནང་གི་ཡོད། དེ་ནས་གང་ལ་གང་མོས་ཀྱིས་བཅུ་ཕྲག་རིག་པའི་གནས་རྣམས་ལ་གསན་བསམ་མཛད་སྲོལ་ཡོད་པ་ལོ་རྒྱུས་དང་མྱོང་བས་བསྒྲུབས།
སུམ་རྟགས་དག་གསུམ་སྦྱོང་བརྡར་བྱེད་པའི་སྐབས་སུ་ཚིག་འཕྲད་རྣམས་ཀྱི་དཔེར་བརྗོད་བྲི་རུ་འཇུག་པ་དང་ལྷན་དུ་བརྗོད་པ་རིང་ཐུང་སྣ་ཚོགས་དང་། འབྲི་རྩོམ་ཐུང་ཐུང་རིགས་བྲི་རུ་བཅུག་ནས་ཞུས་དག་ནོར་བཅོས་ཀྱང་སྐབས་སུ་གནང་གལ་ཆེ། དེ་བཞིན་འཛིན་གྲྭའི་གནས་ཚད་དང་དཔགས་པའི་ཀློག་ཆས་མི་ཉུང་བ་ཞིག་ཀློག་ཏུ་བཅུག་རྒྱུ་ཡང་གནད་ཀྱི་དམ་པ་ཡིན། དེང་དུས་རང་རེའི་བོད་ཕྲུག་རྣམས་སྤྱིར་དཔེ་དེབ་ཀློག་རྒྱུའི་གོམ་གཤིས་ཞན་པ་དང་། ལྷག་པར་བོད་ཡིག་གི་དེབ་ཀློག་མཁན་ཧ་ཅང་དཀོན་པ་དང་། དེ་བཞིན་རྩོམ་ཐུང་བྲི་མཁན་དེ་བས་ཉུང་ཉུང་ཡིན་པ་ཀུན་གྱིས་གླེང་གི་ཡོད། དེའི་རྒྱུ་རྐྱེན་གཙོ་བོ་ནི་སློབ་ཕྲུག་རྣམས་ཀློག་རྒྱུ་དང་བྲི་རྒྱུའི་སྤྲོ་སྣང་དང་གོམ་གཤིས་མེད་པ་གཅིག་པུ་མིན་པར་འབྲི་ཀློག་གི་མ་རྩ་འམ་རྨངས་གཞི་ཞན་པའི་དབང་གིས། ཀློག་ན་ཚིག་དོན་དང་ནང་དོན་མི་རྟོགས་པ་དང་བྲིས་ན་ཚིག་ཕྲད་འཇུག་ཚུལ་དང་མིང་ཚིག་གི་དག་ཆ་མི་ཤེས་པ་དང་བྱ་ཚིག་དང་མིང་ཚིག་གི་མི་ལྡང་བ་སོགས་ལ་བརྟེན་ནས་ཀློག་མི་འདོད་པ་དང་བྲི་མི་སྒྱིས་པ་བཅས་ཡོང་བཞིན་འདུག གོང་ཞུས་ཕྲད་རྣམ་དབྱེ་འཇུག་ཚུལ་དང་མིང་ཚིག་ཡོང་གྲགས་རྣམས་ཀྱི་དག་ཆ་ཤེས་པ་དང་བྱ་ཚིག་འགྲོ་སྟངས་རོབས་ཙམ་ཤེས་ན་དཔེ་དེབ་ཀློག་རྒྱུ་དང་རྩོམ་ཐུང་བྲི་རྒྱུར་དཀའ་ཚེགས་མེད་ཅིང་སྤྲོ་སྣང་འཕེལ་བ་གདོན་མི་ཟ།
འོན་ཀྱང་དཔེར་བརྗོད་རྒྱག་སྐབས་རྣམ་དབྱེ་གཉིས་པའི་དཔེར་བརྗོད་བཅུ་བྲི་རྒྱུ་ཡིན་ན། སློབ་ཕྲུག་ཅིག་ནས། བོད་དུ་འགྲོ གཡས་སུ་འགྲོ་སོགས་བྱ་ཚིག་གཅིག་ཁོ་ན་ལས་མེད་ན་དོན་གྱི་དཔེར་བརྗོད་གཅིག་ལས་བཅུའི་གོ་མི་ཆོད་པར་བརྟེན་དཔེར་བརྗོད་བཅུ་ལ་བྱ་བ་དང་བྱ་ཡུལ་མི་འདྲ་བ་བཅུ་ངེས་པར་དགོས་པ་ཡིན། དེ་བཞིན་ཚིག་ཕྲད་གཞན་རྣམས་ལའང་རིགས་འགྲེ་བར་བྱའོ།
ཕྲད་རྣམ་དབྱེ་ལ་མི་རྨོངས་པའི་ཆེད་དུ་སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་དབང་ལ་བརྟེན་ནས་སྦྱོང་བརྡར་གནད་ལ་སྨིན་པ་ཞིག་དང་། དེ་ནས་མིང་ཚིག་དག་ཆ་ལ་མི་རྨོངས་པའི་དོན་དུ་དག་ཡིག་གང་རུང་ཞིག་ལ་སྦྱང་ཆ་ལེགས་པར་བྱས། བྱ་ཚིག་གི་དུས་གསུམ་གྱི་འགྲོ་སྟངས་དག་ཆ་བཅས་པ་རྟགས་འཇུག་གི་སྙིང་པོ་དཀའ་གསལ་ལ་སྦྱོང་བརྡར་དཔྱིས་ཕྱིན་པ་ཞིག་བྱེད་ཐུབ་ན། ད་གཟོད་བོད་ཡིག་བྲི་ཀློག་ལ་རང་སྐྱ་འཕེར་བ་ཡོང་ངེས་ལགས། དེ་ནས་འཛིན་རིམ་བརྒྱད་པ་ནས་བཅུ་གཉིས་བར་ཚིག་རྒྱན་རིག་པའི་སྐོར་སྙན་ངག་མེ་ལོང་སོགས་ནས་ཟུར་འདོན་གྱིས་དགོས་ངེས་ཀྱི་དོན་རྒྱན་མི་ཉུང་བ་ངོ་སྤྲོད་དང་དཔེར་བརྗོད་ཀྱི་ལམ་ནས་སྦྱོང་བརྡར་བྱེད་དགོས། རྨངས་གཞི་བྲི་ཀློག་གང་ལེགས་ཡོད་གཤིས་ཚིག་རྒྱན་ངོ་སྤྲོད་འགྲེལ་བཤད་དང་དཔེར་བརྗོད་བྲི་རྒྱུར་དེ་ཙམ་དཀའ་ཚེགས་མེད་ཅིང་རྩོམ་རིག་ལ་སྤྲོ་སྣང་ལྡན་པ་ཆགས་ངེས། དེང་སང་དོན་རྒྱན་སོ་ལྔའི་ནང་གསེས་རང་བཞིན་བརྗོད་པ་དང་། དཔེ་རྒྱན།་གཟུགས་རྒྱན་སོགས་སློབ་ཁྲིད་སྐབས་ནང་དོན་ཕྲན་བུ་རྟོགས་ཀྱང་བྲི་ཀློག་གི་རྨངས་གཞི་མེད་སྟབས་དཔེར་བརྗོད་ཚད་ལྡན་བྲི་མི་ཐུབ་པ་དང་། དེ་ལ་བརྟེན་ནས་སྙན་ངག་གི་འབྲི་རྩོམ་ལ་དཀའ་ཚེགས་དང་ཉོབ་སྣང་འཆར་གྱི་ཡོད་འདུག
བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་ཞོར་དུ་སྐད་ཡིག་གོ་སྟོབས་དང་ཡ་རབ་བཟང་སྤྱོད་དང་དམ་པའི་ཆོས་ཀྱི་གནད་དོན་གོ་རྟོགས་ཡོང་བའི་སླད་དུ་འཛིན་རིམ་ལ་དཔགས་པའི་ལེགས་བཤད་ཀྱི་བསླབ་བྱ་ཁ་ཆེ་ཕ་ལུ་དང་། ས་སྐྱ་ལེགས་བཤད། ཤེས་རབ་སྡོང་བུ་སོགས་ནས་གང་འོས་བསླབ་བྱའི་རྩ་ཚིག་བློ་འཛིན་དང་འགྲེལ་བ་གོ་བདེར་བཀྲལ་ན་ཕན་བརླབས་ཆེ། གཞན་ཡང་ལས་འབྲས་བླང་དོར་གྱི་གཏམ་བརྒྱུད་དང་། ལེགས་བཤད་གཏམ་བརྒྱུད་སོགས་དུས་ཚོད་ཀྱི་ལྡང་ན་སློབ་ཁྲིད་དང་། དེ་མིན་སློབ་ཕྲུག་རང་ངོས་ནས་ཀློག་ཏུ་བཅུག་ནའང་དགའ་མོས་དང་ཀློག་འདོད་ཡོང་བ་ངེས་ཏེ། ནང་དོན་གོ་རྟོགས་མི་དམན་པ་ཡོད་པའི་ཕྱིར།
གོང་ཞུས་བསམ་ཚུལ་ལག་ལེན་དུ་འཁེལ་བར་གཙོ་བོ་སློབ་དགེར་རགས་ལས་པ་དང་། དེ་ནས་འཛིན་སྐྱོང་དང་རྒྱུགས་སྤྲོད་ཀྱི་སྒྲོམ་གཞི་ལའང་རགས་ལས་ཡོད། ཡང་ཆ་རྐྱེན་གཙོ་བོ་ཞིག་ནི་གཞུང་དང་། སྤྱི་ཚོགས། ཕ་མ། དགེ་སློབ་བཅས་ཚང་མའི་ངོས་ནས་བོད་ཀྱི་སྐད་ཡིག་འདི་འཕྲལ་ཕུགས་གཉིས་ལ་གལ་ཆེན་དང་དགོས་མཁོ་ཡོད་པའི་སྐད་ཡིག་ཡིན་པའི་ངོས་འཛིན་ཡིད་ཆེས་བཅོས་མིན་སེམས་ལ་ལྡན་དགོས། དེ་ལས་ལྡོག་སྟེ་བོད་སྐད་ནི་འཛིན་རིམ་བཅུ་གཉིས་བར་མ་བསླབ་ཀ་མེད་ཀྱི་སྐད་ཡིག་ཅིག་ཡིན་ལས་གཞན་གལ་འགང་ཆེ་བ་མིན་པ་དགོངས་ན། རིང་མིན་ད་ཡོད་གནས་ཚད་ལས་ཉམ་དམས་སུ་འགྱུར་ངེས་ཡིན་པ་གདོན་མི་ཟའོ།
དེ་ལྟར་ལྷག་བསམ་དག་པའི་སྒོ་ནས་རྨོངས་འཆར་དུ་སྤེལ་བ་ལ་ལེགས་བྱས་ཀྱི་ཆ་ཕྲ་མོ་ལྡན་ཚེ་མ་ནམ་མཁའ་དང་མཉམ་པའི་འགྲོ་བ་ཐམས་ཅད་ཚེ་རབས་ཕྱི་མར་འགྲོ་བའི་དོན་དུ་ལམ་སྣ་ཟིན་པར་བསྔོས། ཞེས་ཆོས་རྒྱལ་བཀྲ་ཤིས་མིང་ཅན་གྱིས་བསམ་ཚུལ་དུ་བྲིས་པའོ།། །།